༄༅། །དཀོན་མཆོག་བསྟན་འཛིན་ལ་གདམས་པ། །

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

སླང་ཚེ་སྲན་རྡོ་སྣ་ཚོགས་ལ། །རྡོ་སྨན་སྣ་ཚོགས་ངོས་འཛིན་པའི། །དྲང་སྲོང་དེ་ལ་ཕྱག་འཚལ་ལོ། །ཨོཾ་ན་རེ་ནོ་རེ་སྭཱ་ཧཱ། ཉམས་ཆུང་སྤྱི་རྡོར་སྤྱད་པའི་ཡུལ་ལྗོངས་སུ། །རྨོངས་པ་དཀོན་མཆོག་བསྟན་འཛིན་འགྲོ་སྐབས་སུ། །དབང་སྔོན་བཻཌཱུརྻ་དང་གཡང་དཀྲི་འུས། །གཞི་མཐུན་ཤེལ་རྡོ་མཐིང་གིས་ཟོས་པ་ལ། །ཁས་ལེན་ལ་སོགས་མུ་ཅོར་སྨྲ་དེ་ཡིས། །གསུང་ངོར་ཉམས་མཚར་གདམོ་ཤོར་བཞིན་བྲིས། །ད་དུང་འཕྲོས་པ་སྣ་ཚོགས་དང་། །གསོ་དཔྱད་ལམ་དུ་འགྲོ་བའི་ཕྱིར། །གསོལ་བ་འདི་ལྟར་གདབ་པར་བྱ། །འདུ་བ་རྣམ་བཞིའི་ནད་རྣམས་ལ། །སྨན་གྱི་སྦྱོར་བ་ལམ་འགྲོའི་ཕྱིར། རྒྱུད་བཞི་ལེགས་པར་ཐོས་ནས་སུ། །རྒས་ཀྱང་མཁས་པ་བསྟེན་པར་བྱ། །ཉོན་མོངས་དུག་ལྔའི་ནད་རིགས་ལ། །ཡེ་ཤེས་སྨན་སྦྱོར་ལམ་འགྲོའི་ཕྱིར། །མདོ་རྒྱུད་རྣམས་ལ་ཐོས་པ་གྱིས། །རྒས་ཀྱང་བླ་མ་བསྟེན་པར་བྱ། །ལར་ངེས་འབྱུང་བསམ་པ་མ་སྐྱེས་ན། །ཆོས་ཀྱི་རྩ་བ་རུལ་བ་ཡིན། །ངེས་འབྱུང་གང་ཡིན་མ་ཤེས་ན། འཁོར་བ་འདི་ལས་ཐར་འདོད་དགོས། །རང་རྙེད་པར་དམིགས་པའི་འཚོ་བྱེད་དེ། །གཞན་ཕན་བྱེད་འདོད་ཁ་ཙམ་ཡིན། །ཟེར་ནི་འགྲོ་དོན་ཡིན་ནོ་ཟེར། །དོན་ནི་འབུལ་བ་སྣ་ཚོགས་སྡུད། །རྙེད་པ་ལ་དམིགས་པའི་བླ་མ་ཚོ། །རང་འདོད་ཀྱི་ཀུན་དཀྲིས་ཡིན་པར་འདུག །སྡེ་བྱམས་སྐྱོང་བྱེད་ཅེས་དཔོན་པོ་རྣམས། །ཟ་འདོད་རྙེད་འཚོལ་གྱི་ཁྲིམས་སྐད་ཅན། །མིང་དཔོན་པོར་བཏགས་ཀྱང་ཁྲེལ་མེད་རེད། །ཁྲིམས་ཡོད་བྱུང་དུས་སྙིང་རྩ་འདར། །ཆོས་རྒྱལ་གྱི་མདུན་དུ་མགོ་འཕང་དམའ། །དེང་སང་གི་མཆོག་དམན་ཐམས་ཅད་ཀུན། །ལས་གང་བྱས་ཕྱིན་ཅི་ལོག་ཏུ་བྱེད། །འདོད་ནི་བཟང་པོ་འོང་བར་རེ། །དཀོན་མཆོག་བློ་གཏདམི་ཁེལ་བས། །ཁྱེད་རྒྱལ་ཁམས་རྣམས་ལ་སྙིང་རེ་རྗེ། །ལུགས་གཉིས་ཀྱི་སྤྱོད་ཚུལ་ཐམས་ཅད་ལ། །མཁས་པར་སྦྱངས་པའི་བཤེས་གཉེན་དང་། །སྐྱིད་སྡུག་བྱུང་བའི་མི་རྒན་དང་། །དྲང་ཞིང་མཁས་པའི་མི་མཆོག་ལ། །བསྟེན་ནས་སྤྱོད་པ་ཞིབ་མོར་མཛོད། །དེ་ལྟར་མ་ཡིན་གྱ་ཚོམ་དུ། །ཆོས་དང་འཇིག་རྟེན་ལས་བྱས་ནས། །བླ་མ་ཐམས་ཅད་ཟོག་པོར་འགྱུར། །དགེ་སློང་ཐམས་ཅད་ཁྲིམས་དང་འགལ། །སྔགས་པ་ཐམས་ཅད་དམ་ཚིག་ཉམས། །དཔོན་པོ་ཐམས་ཅད་དམངས་སུ་འབེབས། །སྨན་པ་ཐམས་ཅད་ཤན་པར་འགྱུར། །སྐྱེ་བོ་ཐམས་ཅད་སྡུག་ལ་སྦྱར། །བུད་མེད་ཐམས་ཅད་གནས་མགོ་འཆལ། །ལར་ཚབ་ཚུབ་ཀྱི་བྱ་བ་མ་མང་ཞིག །བློ་བརྟན་ཁོག་ཡངས་ཤེས་པ་ལེགས་པར་བསྒྲིམ། །མཁས་པར་འདྲི་ཞིང་རྒན་པོའི་ངག་ལ་ཉན། །ཐུན་མོང་མ་ཡིན་རྣམ་པ་ལེགས་པར་དཔྱད། །དོ་གལ་བྱུང་ན་སྙིང་རུས་དཔའ་གདེང་བསྐྱེད། །ཚུལ་འདི་ཆོས་དང་འཇིག་རྟེན་གཉིསཀར་མཐུན། །བྱ་བ་ཀུན་ལ་དཀོན་མཆོག་ཕུག་ཏུ་བཞག །འདི་ཀོ་རྣམ་པ་ཀུན་ཏུ་དགེ་བའི་ལས། །ལེགས་བཤད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་འདིའི། །དགེ་བའི་གྲུ་ཆར་རྒྱལ་ཁམས་ཡོངས་ལ་ཁྱབ། །བདེ་སྐྱིད་མྱུ་གུས་རྒྱ་མཚོའི་གོས་ཅན་མཛེས། །རྫོགས་ལྡན་དབྱར་གྱི་དཔལ་མོ་བཞེད་གྱུར་ཅིག །སྤང་ལྗོངས་ཉམས་དགའ་བར་ལྷ་རྗེ་གོས་དམར་ཅན་ཞིག་གིས། རྡོ་ཁུག་མ་གང་བདག་གི་མདུན་དུ་བླུགས་ནས། རང་བྱུང་གི་ཟངས་དུམ་གཅིག་ཕུལ་ནས་གསོལ་འདེབས་ཤིག་དགོས་ཟེར་བས། བྱིས་པའི་རྡོ་རྩེད་དེ་དྲན་ནས་བཏང་སྙོམས་སུ་ལུས། མགྲོན་གཉེར་བླ་མ་ཆོས་རྒྱལ་ནས་གཏིང་བསྐུལ་རྣ་ཚག་ཆེས་ཆེ་བ་བྱུང་བས། བློ་གསལ་རྣམས་ཀྱི་ཁྲོད་དུ་བཞད་གད་ཀྱི་ངང་ནས་ཚིགས་སུ་བཅད་པ་གང་དྲན་དུ་སྨྲས་པ་མཁན་པོ་རིན་ཆེན་དར་རྒྱས་ཀྱིས་ཕྱག་བྲིས་མཛད་སོང་ལགས།

/imager/images/22057/Chokgyur-Lingpa_712c4e757e7f11f90332598bd8911e79.jpg

Chokgyur Dechen Lingpa

Courtesy of Himalayan Art Resources

Title:

དཀོན་མཆོག་བསྟན་འཛིན་ལ་གདམས་པ།

dkon mchog bstan 'dzin la gdams pa

Advice for Konchok Tenzin

Author:

Chokgyur Dechen Zhikpo Lingpa

Description:

Chokgyur Lingpa gave this piece of heart advice to his student Könchok Tenzin.