༄༅། །གདམས་ངག་གནད་དྲིལ།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

ཨོཾ་སྭ་སྟི། འཁོར་འདས་ཀུན་ཁྱབ་སྟོང་ཆེན་ཆོས་ཀྱི་སྐུ། །གསལ་ལ་མ་འདྲེས་བདེ་ཆེན་ལོངས་སྤྱོད་རྫོགས། །གང་འདུལ་དེར་སྟོན་སྣ་ཚོགས་སྤྲུལ་པའི་སྐུ། །སྐུ་གསུམ་བདག་ཉིད་པ་བླ་མ་སྤྱི་བོར་མཆོད། །ཟབ་དང་རྒྱ་ཆེའི་ཡོན་ཏན་མཐའ་ཀླས་ཤིང་། །ཕྲིན་ལས་འགྲོ་རྣམས་ལས་ཉོན་མཚོ་ལས་སྒྲོལ། །འབྲེལ་ཚད་དོན་ལྡན་རྣམ་བྱང་ས་རུ་སྦྱོར། །གྲུབ་པའི་གནས་ཀྱི་ཡ་མཚན་སྲིད་ན་མཐོ། །གང་ཞིག་གནས་དུས་སྟོན་འཁོར་ཕུན་ཚོགས་པར། །མཐའ་བྲལ་བསམ་གཏན་གཉུག་མའི་ཟབ་མོའི་ཆོས། །གཡེང་མེད་བློ་འདས་དོན་ལ་བློ་བཞག་ནས། །རྩེ་གཅིག་བསྒོམ་དེ་འདི་ཕྱིའི་གཏན་བདེ་ལེགས། །སྐུ་ཡི་སྐུའི་གནས་མཆོག་སྐྱི་འབྱམས་ཉི་ཟླའི་དབེན་གནས་སུ་སྟོན་འཁོར་ཐམས་ཅད་བསམ་གཏན་ལ་བཞུགས་པའི་དུས་སུ་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་གདམས། ཆོས་ཁྲིད་དང་དམིགས་ཐུན་བཟུང་ལུགས་ཀྱི་མི་བསྙེལ་ཐོ་ལ། ཐོག་མར་ཐར་འདོད་བློ་བཅོས་མ་ཡིན་པར། ངེས་འབྱུང་རྣམ་པར་དག་པས་དབེན་པར་འགྲོ། ཀེའུ་ཚང་དུ་ཕྱིན་ནས། དཀོན་མཆོག་གསུམ་ཡིད་ལ་དྲན་བཞིན་དུ་སྐྱབས་འགྲོ་བརྗོད་ཀྱང་རུང་མ་བརྗོད་ཀྱང་རུང་༑ རླུང་རོ་ལན་གསུམ་ཕྱིར་བསལ་སྡིག་སྒྲིབ་སངས་ཀྱིས་དག་པར་བསྒོམ། སྤྱི་གཙུག་ཏུ་གུ་རུ་པདྨ་འབྱུང་གནས་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མེད་དུ་བསྒོམ་ལ། དུས་ གསུམ་སངས་རྒྱས་ཀྱི་གསོལ་འདེབས་ཚར་གཅིག་འདོན། བླ་མ་རང་ལ་བསྟིམ། དེ་ནས་ཐུན་གྱི་དངོས་གཞི་མཉམ་བཞག་ལ་འཇུག་པས། ལས་དང་པོ་པས། ཐོག་མར་གནས་འགྱུ་རིག་གསུམ་གྱི་སེམས་བཙལ། གཉིས་པ་བལྟ་བྱ་ལྟ་བྱེད་རྩད་གཅོད། གསུམ་པ་ལྟ་བྱེད་ཀྱི་མཁན་པོའི་སྟེང་དུ་མཉམ་པར་བཞག ངོས་ཟིན་པའི་ཚུལ་ནི། སྐད་ཅིག་གསུམ་པ་ནས་ངོས་ཟིན་པ་ཐ་མ། སྐད་ཅིག་གཉིས་པ་ནས་ཟིན་ན་འབྲིང་། སྐད་ཅིག་དང་པོ་ནས་ཟིན་ན་རབ། རབ་ཀྱི་སྐབས་སུ་རྣམ་རྟོག་གང་ཤར་ལ་བལྟས་པའི་ཚེ། དེ་མ་ཐག་ཡུལ་མེད་དུ་སོང་བ་ཞིག་དགོས། དེ་ནས་ཡུན་བསྲིངས་པས་རྣམ་རྟོག་གིས་མི་འགགས་མི་གཡོ་ཞིང་ཆར་པ་མཚོ་ལ་བབས་པ་ལྟ་བུ་ཞིག་དགོས། གེགས་སེལ་བོགས་འདོན་ནི། གཙོ་བོ་མི་རྟག་པ་དང་། དེ་ལས་འཕྲོས་པའི་སྙིང་རྗེ། དད་པ། དག་སྣང་། སྐྱོ་ཤས། ངེས་འབྱུང་རྣམས་ལ་བསམ་པས། དགོས་མེད་དང་རྒྱུ་འབྲས་ལ་ཡིད་ཆེས་ཤུགས་ཀྱིས་འབྱུང་ཞིང་འདི་རྣམས་རྩོལ་མེད་དུ་བྱུང་ན་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རྟགས་སོ། །ཐུན་གྲོལ་དུས་དེ་ལྟར་བསམ་ གཏན་ལ་གནས་པའི་དགེ་བ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་བསྔོ། འཁོར་བ་ཐོག་མ་མེད་པ་ནས་ད་བར་བྱ་བ་བྱས་ཚད་དོན་མེད་དུ་གྱུར། དེ་ རིང་བསམ་གཏན་ཐུན་གཅིག་བསྒོམས་པ་དེ་དོན་ཆེན་པོར་གྱུར་པས་སྤྲོ་བ་ཡང་དག་པར་སྐྱེད་ཅིག བླ་མ་དཀོན་མཆོག་བཀའ་དྲིན་ཆེའོ་སྙམ་པའི་དགའ་སྤྲོ་སེང་ངེ་བ་བྱས་ཏེ་སྤྱོད་ལམ་དུ་ཉམས་ལེན་མ་བརྗེད་པར་བྱའོ། །དབང་པོ་ཆེས་ཡང་རབ་ཏུ་གྱུར་པ་རྣམས་ཀྱིས་མཉམ་བཞག་དུས་འོད་གསལ་ཁོ་ན་དང་། རྗེས་ཐོབ་དུས་སྙིང་རྗེ་སོགས་བསྒོམས་པ་ཡིན། མཐར་ཕྱིན་པའི་རྣལ་འབྱོར་པས་མཉམ་རྗེས་ཀྱི་དབྱེ་བ་མེད་ཅིང་ཐམས་ཅད་ཟུང་དུ་འཇུག་པའོ།།

/imager/images/22057/Chokgyur-Lingpa_712c4e757e7f11f90332598bd8911e79.jpg

Chokgyur Dechen Lingpa

Courtesy of Himalayan Art Resources

Title:

གདམས་ངག་གནད་དྲིལ།

gdams ngag gnad dril

Heart Advice in a Nutshell

Author:

Chokgyur Dechen Zhikpo Lingpa

Description:

When Chokgyur Lingpa and his disciples were seated in meditation in the sacred place of Kyijam Nyida, the great treasure revealer, gave this heart advice which was then noted down.