༄༅། །དམ་པའི་ཚུལ་གྱི་གདམས་པའི་གནད་བཅུ། །

རི་ཆེ་འཕགས་མཆོག་ཆོས་དབྱིངས་ལྷུན་འགྲུབ་ཀྱིས།

༼༡༽སྲིད་པའི་ཕུན་ཚོགས་ཇི་ལྟར་འབྱོར་ན་ཡང་། །
དུག་འདྲེས་འབྲས་ཆན་ལོངས་སུ་སྤྱོད་དང་མཚུངས། །
གཏན་དུ་བདེ་བ་སྦྱིན་པ་དམ་པའི་ཆོས། །
རྩེ་གཅིག་སྙིང་ནས་སྒྲུབ་འདི་དམ་པའི་ཚུལ། །

༼༢༽དལ་འབྱོར་ཐོབ་དཀའ་སྲིད་འདི་དྲི་ཟའི་གྲོང་། །
ཇི་བཞིན་མི་རྟག་ལས་འབྲས་བསླུ་མེད་སྨིན། །
དགོས་མེད་ངེས་པར་འབྱུང་བའི་ཞེན་ལོག་གིས། །
འཁོར་བར་བློ་སྣ་ལྡོག་དེ་དམ་པའི་ཚུལ། །

༼༣༽མཆོག་གསུམ་སྲོག་ལས་མི་འདོར་སེམས་བསྐྱེད་བརྟན། །
སྒྲིབ་གཉིས་སྦྱང་དང་ཚོགས་གཉིས་བསགས་ལ་འབད། །
སྔོན་འགྲོས་མ་སྨིན་དངོས་གཞིས་འབྲས་མི་འབྱིན། །
རང་བརྒྱུད་དག་པར་སྦྱོང་འདི་དམ་པའི་ཚུལ། །

༼༤༽ཐར་པའི་སྲོག་རྩ་རྡོ་རྗེ་འཛིན་པ་སྟེ། །
རྩ་བརྒྱུད་རྒྱ་མཚོར་མོས་གུས་གདེངས་ཁེལ་ཞིང་། །
ལམ་བཟང་བླ་མའི་ལམ་མཆོག་སྒྲུབ་ལ་བརྩོན། །
གསོལ་འདེབས་དབང་བཞི་འབེབས་པ་དམ་པའི་ཚུལ། །

༼༥༽མཆོག་ཐུན་དངོས་གྲུབ་འབྱུང་གནས་ཡི་དམ་ལྷ། །
སྣང་སྟོང་ལྷ་དང་བརྗོད་བྲལ་སྔགས་ཀྱི་གདངས། །
དྲན་རྟོག་རང་གྲོལ་ཐུགས་ཀྱི་འཁོར་ལོའི་མཛོད། །
དཀྱིལ་འཁོར་གསུམ་ལྡན་འབད་དེ་དམ་པའི་ཚུལ། །

༼༦༽ཞི་གནས་མཉམ་བཞག་མི་གཡོ་ཏིང་འཛིན་བརྟན། །
རྗེ་ཐོབ་སྒྱུ་མ་ལྟ་བུའི་ངང་དུ་སྐྱོང་། །
སྟོང་པ་ལྷུན་གྲུབ་རང་གྲོལ་ཕྱག་རྒྱ་ཆེ། །
རྣལ་འབྱོར་བཞི་ལམ་བགྲོད་དེ་དམ་པའི་ཚུལ། །

༼༧༽ཕྱི་ཡི་སྣང་བ་འཁྲུལ་པ་བདེན་མེད་དང་། །
ནང་གི་སེམས་ཉིད་བདེན་མེད་སྟོང་པར་བལྟ། །
བར་གྱི་རྣམ་རྟོག་གློ་འབུར་འདུ་ཤེས་ཤིང་། །
གང་ཤར་རང་ངོ་སྐྱོང་འདི་དམ་པའི་ཚུལ། །

༼༨༽སྣང་ལ་རྟག་པ་ཞེན་པར་མ་ལྷུང་ཞིང་། །
སྟོང་ལ་ཆད་པ་མ་ལྷུང་སྣང་སྟོང་གི །
ཤེས་པ་རྗེན་པ་སྒྲིབ་མེད་མཐའ་དང་བྲལ། །
གཉུག་མའི་རྟོགས་པ་སྐྱོང་དེ་དམ་པའི་ཚུལ། །

༼༩༽སྟོང་ཉིད་ལྟ་བ་མཁའ་ལྟར་རྟོགས་ན་ཡང་། །
ཐེག་པ་དམན་དང་རྒྱུ་འབྲས་ཕྲ་ཞིབ་ལ། །
མི་བརྙས་མི་འགོངས་དྲན་དང་ཤེས་བཞིན་གྱི། །
བཀའ་གདམས་སྤྱོད་པ་སྐྱོང་འདི་དམ་པའི་ཚུལ། །

༼༡༠༽སྟོན་པའི་བཀའ་ལ་ལུང་རྒྱབ་དཔང་པོ་བཅོལ། །
སྒྲུབ་རྒྱུད་གོང་མའི་གསུངས་ལྟར་ཉམས་ལེན་ངེས། །
རང་ངོ་རང་གི་མི་ཁྲེལ་ཡིད་ཆེས་ཀྱིས། །
སྐལ་བཟང་དོན་ལྡན་འབད་དེ་དམ་པའི་ཚུལ། །

ཞེས་གསུངས།

/imager/images/1362/vajradhara_and_mahasiddhas_0005b3842e08527252ed0a044ed2dd38.jpg

Vajradhara And Mahasiddhas

Title:

དམ་པའི་ཚུལ་གྱི་གདམས་པའི་གནད་བཅུ།

dam pa'i tshul gyi gdams pa'i gnad bcu

Ten Instructions on the Sublime Way

Author:

Riwoché Phakchok Chöying Lhündrup

Description:

A pithy instruction in ten verses outlining the entire path of Vajrayāna, composed by the 17th throne-holder of Kham Riwoché, the Third Phakchok Rinpoche, Chöying Lhündrup.