༄༅། །བདེན་པའི་ཚིག

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

གུ་རུ་པདྨ་འབྱུང་གནས་ལ། །ཕྱག་འཚལ་བྱིན་གྱིས་བརླབ་ཏུ་གསོལ། །བདེན་པའི་ཚིག་ཅིག་འདི་ན་བརྗོད། །གཏེར་སྟོན་མཁའ་སྤྱོད་རྡོ་རྗེ་ལ། །ཡབ་སྲས་རྣམས་ཀྱི་བཀའ་བཀྱོན་ཆེ། །དེ་ཡི་རྒྱུ་མཚན་འདི་ལྟ་སྟེ། །ད་ནི་གཏེར་སྟོན་འབྱུང་རྒྱུ་མེད། །ཟེར་བའི་འབེལ་གཏམ་ཞིག་ལ་བརྟེན། །སྐྱར་སྒྲོག་རྗེས་སུ་རྒྱུག་དང་མཚུངས། །སྔོན་དུས་ཞིག་པོ་གླིང་པ་ལ། །མཁས་གྲུབ་སྐྱེས་ཆེན་དུ་མ་ཡི། །ཆོས་ལོག་ཡིན་ཞེས་བཀག་པ་ཆེ། །དེང་སང་གཏེར་ཆེན་བརྒྱ་རྩ་ཡི། །གླིང་པ་བཅུ་གཉིས་གྲལ་དུ་བགྲང་། །དགོངས་འདུས་བརྒྱུད་པར་ཕན་ཐོགས་ཆེ། །གཏེར་ཆོས་དབང་ལུང་ཆོས་བརྒྱུད་རྣམས། །ད་ལྟ་སྨིན་གྲོལ་གླིང་ལ་ཐུག །མཁའ་སྤྱོད་རྡོ་རྗེའི་གཏེར་ཆོས་རྣམས། །ད་ལྟ་སྨད་འབྲུག་གཙོ་ཆེ་བ། །སྐུ་ཞབས་ཁམས་སྤྲུལ་དཔོན་སློབ་ཀྱི། །ཉམས་བཞེས་སྤྱི་དར་སོ་ཤིན་ཏུ་ཆེ། །རྣམ་ཐར་གཏེར་ཆོས་ལུང་དང་མཐུན། །ལུང་བསྟན་རྣམས་ཀྱིས་ཤིན་ཏུ་ཐིག །དེ་ཕྱིར་ཚད་ལྡན་མ་ཡིན་ནམ། །གཏེར་ཆོས་རིམ་པར་དར་ངོ་འདུག །དེ་ཡིས་གནས་སྒོ་ཕྱེས་མཛད་པའི། །གནས་མཆོག་ནོར་བུ་འོད་འབར་ལ། །སྒྲུབ་པ་བྱས་ན་ཕན་ཡོན་ཆེ། །ཕྱག་དང་བསྐོར་བ་ལེགས་པར་མཛད། །ཉམས་དང་རྨི་ལམ་བཟང་བའི་ཕྱིར། །གནས་ནི་ཚད་ལྡན་ཡིན་པར་སེམས། །གཏེར་སྟོན་དེ་ཡི་མཛད་ཆོས་ལ། །ཉི་མ་གྲགས་པའི་བསྐང་བ་ཞིག །ཡོད་པར་བརྟེན་ནས་བཀག་པ་མཛད། །གཏེར་སྟོན་མི་འགྱུར་རྡོ་རྗེ་དང་། །གཏེར་སྟོན་ཉི་མ་གྲགས་པ་གཉིས། །ཐུགས་ནང་མ་གཤིན་སྨད་རེས་མང་། །ཟངས་རྫིས་མགོ་ཡང་གུ་རུའི་དྲུང་། །འདུག་གོ་ གསུང་ལ་བསམ་བློ་ཐོངས། །སྟག་དང་རུས་རྒྱན་གླིང་མོའང་ཡོད། །གཏེར་སྟོན་གྲུབ་ཐོབ་རྒྱལ་པོ་ལ། །གསུང་ན་སྦུག་གསང་མི་གདའ་འོ། །དེ་འདྲ་སྔོན་དུས་ཞིག་གླིང་དང་། །མངའ་རིས་པཎ་ཆེན་པདྨ་དབང་། །གཏེར་སྟོན་རྣམ་གཉིས་ཐུགས་མ་གཤིན། །ཆོས་བརྒྱུད་གཉིས་ཀས་སྨད་རེས་མང་། །ད་ལྟ་ཟུང་དུ་འཇུག་པར་མཛད། །ཀར་འབྲུག་རྣམ་གཉིས་སྔར་དུས་འཁྲུགས། །དེང་སང་ཆུ་བོ་གཅིག་ཏུ་འདྲེས། །གཞན་ཡང་དེ་འདྲ་མང་དུ་མཆིས། །དམ་སེལ་ཡོད་མེད་དབྱེ་གསལ་དཀའ། །དེ་ཕྱིར་ཆོས་དང་གང་ཟག་གི །ཤན་འབྱེད་སངས་རྒྱས་ཁོ་ན་ལས། །གཞན་གྱིས་འབྱེད་པར་ག་ལ་ནུས། །མདོ་རྒྱུད་རྣམས་ལ་མཐུན་པ་དང་། །སེམས་ཅན་ལ་ནི་ཕན་ཐོགས་ན། །དེ་ནི་བླང་བྱ་ཡིན་པར་གསུངས། །དེ་ཕྱིར་ཀུན་ལ་དག་སྣང་གྱིས། །ཆོས་སྤངས་ལས་ནི་མ་བསོགས་ཤིག །ཐེ་ཚོམ་འབྱུང་བཞིན་ཉམས་བླངས་ན། །སངས་རྒྱས་ཆོས་ལ་གེགས་བྱེད་པས། །བཏང་སྙོམས་བཞག་ཅེས་རྒྱལ་བས་གསུངས། །ཉམས་ལེན་ཨི་བྱེད་སེམས་ལ་འདྲི། །ཐེ་ཚོམ་མེད་ན་ཅི་ཡང་འགྲུབ། །རྒན་མོ་ཁྱི་སོའི་རིང་བསྲེལ་བཞིན། །སྐྱ་སེར་མཆོག་དམན་ཐམས་ཅད་ཀྱིས། །བཟང་ངན་ཤན་འབྱེད་དགོས་ཟེར་བར། །དབྱེ་འབྱེད་ཆེ་བར་མི་ཤེས་ཀྱང་། །ཅི་བྱུང་གནས་ཚུལ་དྲང་པོ་རུ། །དགེ་རྒྱལ་སྟོད་ཀྱི་ས་ཆ་ནས། །མཆོག་གྱུར་གླིང་པས་བརྗོད་པ་དགེ །

/imager/images/22057/Chokgyur-Lingpa_712c4e757e7f11f90332598bd8911e79.jpg

Chokgyur Dechen Lingpa

Courtesy of Himalayan Art Resources

Title:

བདེན་པའི་ཚིག

bden pa'i tshig

Words of Truth

Author:

Chokgyur Dechen Zhikpo Lingpa

Description:

In this piece of heart advice Chokgyur Lingpa encourages his students to cultivate pure perception.